ཡུ་རོབ་ཁུལ་གྱི་དགེ་ལས་ཚོགས་ཆེན་ཐེངས་གཉིས་པ།

གནས་ཚུལ་གཏོང་མཁན། ཨ་འཇིགས།

ཕྱི་ཟླ་༥ ཚེས་༡༦ ནས་༡༨ བར་ཉིན་གསུམ་རིང་། སྦེལ་ལྗམ་གྱི་རྒྱལ་ས། སྦལ་སིལ་དུ་ཡུ་རོབ་ཁུལ་གྱི་བོད་དགེ་དང་འགན་འཛིན་རྣམ་པའི་ཚོགས་ཆེན་ཐེངས་གཉིས་པ་སྐོངས་ཚོགས་ཀྱིས། ཡུ་རོབ་ཁུལ་གྱི་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སློབ་སྦྱོང་དང་ཐབས་ལམ། སློབ་དེབ། ཐུན་མོང་གི་བསྒྲུབ་བྱ། དམིགས་འབེན་སོགས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག
ཕྱི་ཚེས་༡༦ གི་དགོང་དྲོ་ཚོགས་ཞུགས་པ་རྣམས་སྣེ་ལེན་དང་འབྲེལ། སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ངོ་སྤྲོད་དང་། ས་གནས་སོ་སོའི་སློབ་གྲྭ་དག་ངོ་སྤྲོད། ཕན་ཚུན་སོ་སོ་ངོ་སྤྲོད་དང་ཚོགས་ཆུང་ཁག་བགོས་སོགས་བྱས།

ཕྱི་ཚེས་༡༧ ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་ཚོགས་འདུ་དངོས་སུ་དབུ་འཛུགས་ཀྱིས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་སྤྱི་དཔལ་ལྡན་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དང་། དེ་ནས་སྐུ་མགྲོན་གཙོ་བོ་སྦལ་སིལ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས།ཚོགས་འདུ་འདི་ཚོགས་དགོས་དོན་ཡང་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་སྙིང་ལ་བཅངས་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་ཞིག་ཡིན་དུས།གལ་ཆེ་ཤོས་དེ་ཚོགས་བཅར་བའི་གྲུབ་ཆ་དང། ཆ་ཤས་བཞེས་སྟངས། དགོངས་པ་བཞེས་སྟངས། དགོངས་ཚུལ་འདོན་སྟངས་སོགས། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བོད་སྤྱི་པའི་དོན་དང་། བྱེ་བྲག་ཏུ་ང་ཚོ་ནུབ་ཕྱོགས་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ཀྱི་མ་འོངས་མདུན་ལམ་གྱི་ཆེད་དུ། གང་དགའ་ཅི་འོས་ཀྱི་གྲོས་བསྡུར་གནང་སའི་སྡིང་ཆ་གལ་ཆེན་པོ་ཞིག་ཡིན་སྐོར་བཀའ་སློབ་ལམ་སྟོན་ཟབ་མོ་གནང།༼རྒྱས་པ་ཟུར་དུ་ཕུལ་ཡོད།༽

དེའི་རྗེས། ཆེད་དུ་གདན་ཞུ་གནང་བའི་ལམ་སྟོན་གཏམ་བཤད་གནང་མཁན་ཆུང་ཚེ་རིང་ལགས་ནས། ཕྱི་སྡོད་བོད་ཕྲུག་ཚོར་སློབ་ཁྲིད་ཀྱི་ཐབས་ལམ་ཇི་འོས་དང་ཚགས་ཚུད་གཏོང་ཕྱོགས་སྐོར་ལ་གསུང་དོན། ཁོར་ཡུག་ཁག་པོ་ཞིག་དང་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་སྐད་ཡིག་སློབ་དགོས་དུས། དམིགས་ཡུལ་ཆེན་པོ་ཞིག་འགྲུབ་ཐབས་མེད་པའི་དོན་དངོས་གླེང་སློང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ལ། ཕལ་སྐད་གལ་ཆེར་བཟུང་ནས། ཕར་བཤད་ཐུབ་པ་དང་ཚུར་གོ་ཐུབ་པ་ཞིག་དགོས་པའི་དམིགས་འབེན་གསལ་སྟོན་དང་སྦྲགས། རིམ་པ་དང་པོ། བཤད་པ་གཙོ་བོར་བཟུང་ནས་འབྲི་ཀློག་ཕལ་བར་འཛིན་པ། རིམ་པ་གཉིས་པ། བཤད་ཀློག་གཅིག་མཚུངས་བྱེད་པ། རིམ་པ་གསུམ། ཀློག་འབྲི་གཉིས་གཙོར་བཟུང་བྱེད་དགོས་པའི་སློབ་སྦྱོང་གི་ཐབས་ལམ་གསལ་སྟོན་གནང་། བོད་ཡིག་མིག་མདུན་ལ་རྒྱུན་དུ་མངོན་ཐབས་གཙོ་བོར་བཟུང་ནས་ནང་སྦྱོང་ལས་སླ་བོའི་རིགས་ངེས་པར་སྤྲོད་དགོས་པ་དང་། དེ་མཚུངས་ཕ་མའི་གཞོགས་འདེགས་ངེས་པར་མཁོ་བས།ཕ་མ་དང་ཕྲུ་གུ་ནང་གཅིག་ལ་ཡོད་ནའང་འཇིག་རྟེན་གཉིས་ལ་ཡོད་པའི་ཟོལ་འདྲ་བོ་ཆགས་པ་ནི་ནོར་འཕྲུལ་ཆེན་པོ་ཡིན་པ་སོགས་ཀྱི་གལ་ཆེའི་ལམ་སྟོན་མཛད། གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་བརྒྱད་བཞག

ཉིན་རྒྱབ་ཆེད་དུ་གདན་ཞུ་གནང་བའི་ལམ་སྟོན་གཏམ་གནང་མཁན་རྒན་ལྷ་མོ་སྐྱབས་ལགས་ནས་ཡུ་རོབ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་ཤེས་ཚད་དང་། དམིགས་འབེན་གྱི་ཐོག བོད་ཡིག་གསར་དུ་སློབ་མཁན་དང་རྨང་གཞི་ཅུང་ཟད་ཡོད་པ་ཚང་མར། ཡུལ་དུས་གནས་བབས་དང་མཐུན་པའི་དོན་དངོས་གཞི་ལ་བཞག་ནས། དངོས་སུ་ལག་བསྟར་ཡོང་ཐབས་ཀྱི་ཐབས་ལམ་གསལ་སྟོན་མཛད།༼རྒྱས་པ་ཟུར་དུ་ཕུལ་ཡོད།༽ གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་གསུམ་བཞག
གདན་ཞུས་གཏམ་བཤད་པ་དམ་ཆོས་བསམ་འཕེལ་ལགས་ནས་ཕ་སྐད་ཡར་རྒྱས་དང་ཁྱབ་སྤེལ་གཏོང་ཕྱོགས་སྐོར་ལ་གཏམ་བཤད་དང་། འདི་གའི་བོད་དགེ་ལྷག་པ་ཚེ་རིང་ལགས་ནས་ཁྲིད་གཞིའི་སློབ་དེབ་གཅིག་གྱུར་དགོས་མེད་དང་གཏན་འབེབས་ཇི་ལྟར་བྱ་རྒྱུའི་ཐོག་གཏམ་བཤད་གནང་རྗེས། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་གཅིག་བཞག
སྦལ་སིལ་བོད་ཀྱི་དོན་གཅོད་ཁང་དང་སྦེལ་ལྗམ་བོད་རིགས་ཚོགས་པ། སྦེལ་ལྗམ་ས་གནས་གནས་གཞོན་ནུ་ཚོགས་པ་སོགས་མཉམ་འབྲེལ་གྱིས། ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་རྗེས། སློབ་ཕྲུག་ཚོས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ་དང་སྦྲགས། ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་གཞས་དང་ཞབས་བྲོ། སྙན་ངག་གྱེར་འདོན་སོགས་ཀྱི་ཆ་ཤས་བླངས།

ཕྱི་ཚེས་༡༨ ཉིན། ཆེད་དུ་གདན་ཞུ་གནང་བའི་ཆེད་ལས་གཏམ་བཤད་གནང་མཁན་སྐྱེས་མ་ཏ་མ་ར་ TamaraFoubert ལགས་ནས། སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་དང་། ཆུང་ཚེ་རིང་ལགས་ནས་བོད་ཕྲུག་རྣམས་ཀྱི་ཤེས་ཚད་སྔར་ལྷག་གོང་མཐོར་གཏོང་སླད་ཐུན་མོང་གི་བསྒྲུབ་བྱ་ཇི་ཡོད་སྐོར་ལམ་སྟོན་དུ། བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཐབས་ལ་ཕ་མས་སོ་སོའི་ཕྲུ་གུ་དང་ཚ་བོ། ཡང་ཚ་སོགས་མི་རྒྱུད་རིམ་པ་དང་། ཁྲོམ་སྲང་དང་སྤྱི་གླིང་སོགས་སྤྱི་ཚོགས། སྒྲིག་འཛུགས། བརྗོད་བྱ་སོགས་ཀྱི་ཐོག་ནས་སྐད་ཡིག་སྲུང་སྐྱོབ་དང་། ཤེས་ཚད་གོང་མཐོར་གཏོང་ཐབས་གནང་དགོས་པའི་ཐབས་ལམ་གཙོ་འདོན་དང་འབྲེལ། ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད་ན་སྐད་ཡིག་གཞན་ལས་སླ་བོར་ཤེས་ཐུབ་པ་དང་། ཕྲུ་གུ་རྣམས་ཀྱི་སྐད་ཆ་དང་པོ་བཤད་ས་དང་སེམས་ཐག་ཉེ་ས་དེ་ཕ་མ་ཡིན་དུས་ཁྱིམ་ཚང་ནས་མགོ་འཛུགས་དགོས་པ་ཧ་ཅང་གལ་ཆེན་ཡིན་པ། བོད་ཡིག་སློབ་གྲྭ་ལ་མཚོན་ན། ས་གནས་སློབ་གྲྭ་ལས་ལེགས་པ། སྤྲོ་སྣང་ཡོད་པ་བརྩེ་སེམས་ཡོད་པ་ཞིག་ཡིན་དགོས་པ་དང་། དགེ་རྒན་གྱིས་གྲ་སྒྲིག་ཀྱང་ཡག་པོ་གནང་ནས་མང་པོ་མེད་པའི་ཐོག་ཚིག་གསར་ཡོད་པ། སེམས་ཐག་ཉེ་བོ་དང་ཐབས་ལམ་མང་པོ་བེད་སྤྱོད་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་། གོང་འཁོད་བརྗོད་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་སྦྱངས་བཤད་ཞིབ་ལྷུག་བྱས་མཐར་གྲོས་ཆོད་དོན་ཚན་བཞི་དང་། ལོ་རྗེས་མའི་ཚོགས་ཆེན་དེ་ཧྥ་རན་སི་ནས་ཚོགས་འདུ་གོ་སྒྲིག་ཡོང་བའི་རེ་སྐུལ་གྲོས་ཆོད་དང་བཅས་ལེགས་པར་གྲུབ།

ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་གནང་མཁན་ནི་སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ཡིན་ལ། སུད་སི་དང་ཧྥ་རན་སི། ཧོ་ལན། སྦེལ་ལྗམ་བཅས་ཡུ་རོབ་རྒྱལ་ཁབ་བཞི་ཡི་དགེ་རྒན་དང་འགན་འཛིན་སུམ་ཅུ་ཙམ་དངོས་སུ་ཚོགས་འདུར་ཞུགས་ཡོད།

ཡུ་རོབ་སྦེལ་ལྗམ་དུ་བོད་དགེའི་ཟབ་སྦྱོང་ཐེངས་དང་པོ་འགོ་བཙུགས་པ

ད་ལྟའི་དུས་རབས་འདིའི་ནང་འཚོ་གཞེས་གནང་བའི་ང་ཚོ་མཐོ་སྒང་བ་རྣམ་པས་བཙན་པོ་མེས་དབོན་གྱི་ཕ་ས་རྒྱ་ལག་ཏུ་ཤོར་བའི་འདས་ཟིན་ལོ་རྒྱུས་སྤྱི་དང་། ཡང་སྒོས་རང་བསྲེགས་མེ་ལྕེའི་ཁྲོད་དུ་བོད་ཅེས་པའི་ཐ་སྙད་འདི་སྒྲོག་བཞིན་ང་ཚོ་དང་གཏན་བྲལ་ཕྱིན་པའི་ཞིང་གཤེགས་པ་རྣམས་དང་། དེ་བཞིན་མུན་ནག་གི་བཙོན་དུ་ཚུད་ཅིང་ཤི་གསོན་གྱི་ཐག་གཅོད་དཀའ་བའི་རྒྱལ་གཅེས་པ་རྣམས་ཀྱིས་ངེད་ཅག་ལ་བཅིངས་པའི་རེ་འདུན་དང་། (more…)

ཡོ་རོབ་ཁུལ་གྱི་བོད་དགེ་དང་འགན་འཛིན་གྱི་ཚོགས་ཆེན་ཐེངས་གཉིས་པ།

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེ་ ༢༠ ཉིན་སུད་སི་ས་གནས་སྦོལ་ཊན་དུ་ཡོ་རོབ་ཁུལ་གྱི་བོད་དགེ་དང་འགན་འཛིན་ཚོགས་ཆེན་ཐེངས་དང་པོའི་སྐབས་སུ་ཇི་ལྟར་ཐག་ཆོད་བྱུང་བ་བཞིན། འདི་ག་སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་འབྱུང་འགྱུར་གྱི་ཚོགས་ཆེན་ཐེངས་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས ༡༦ ནས་༡༨ བར་སྦེལ་ཇམ་གྱི་རྒྱལ་ས་སྦུར་སལ་(Brussels)དུ་ཚོགས་གཏན་འཁེལ་ཞིང་། (more…)